༄༅།། མོ་ནད་གསོ་བའི་སྐོར།
དུས་ཚོད། 2009-6-24 10:30:12 ཀློག་གྲངས་ཐེངས།738
      མོ་ནད་ཀྱི་རིགས་ལ་རྣམ་གྲངས་མང་ཡང་ནད་གསར་པ་ཁྲག་ཚབས། རྒས་ནས་རྙིང་པ་རླུང་ཚབས་གཉིས་སུ་འདུ།  ཁྲག་ཚབས་ནི་རོ་རྒྱབ་དང་མཆིན་ཁྲི་གཟེར། རྒྱུ་ཞབས་ཚ་འབྲབ་བྱེད། རྐེད་པ་མན་ཆད་ཁལ་བ་ལྟར་ན། རྩ་རྒྱུད་ཚ་ཞིང་འབྲུམ་ཕྲན་ཡང་འབྱུང༌། ཟླ་མཚན་འབྱམས་པའམ་འཁྱིལ་བ་སོགས་འབྱུང༌། རྙིང་ནས་རླུང་ཚབས་སུ་འགྱུར་བས་སེམས་མི་བདེ་ཞིང་སྨྱོ་འབོག་བརྗེད་ངས་ཅན་དུ་འགྱུར། ལུས་གྲང༌། རུས་པ་ཁོལ། ཤ་ལྤགས་བར་དུ་སྦྲིད་པ་དང་གཡོ། མགོ་འཁོར། ཆུ་སོ་རྒྱུ་ཞབས་བསྡམས། ཟླ་མཚན་མི་ཆོད། དེ་ལ་ཐོག་མར་ནད་གསར་པའི་སྐབས་སྨྱུག་རྩི་ཉེར་ལྔ་དང་སྨྱུག་རྩི་དྲུག་ཐང་བཏང༌། དེ་ནས་འོལ་སེ་ཉེར་ལྔ། སེར་མོ་ཉེར་ལྔ། སྟར་བུ་བཅུ་གཅིག་དང་བཅུ་དགུ། རོ་སྟོད་གཟེར་ཆེ་བ་སོགས་ཁྲག་ཤས་ཆེ་བ་ལ་ཁྲག་བཤིག་རིན་ཆེན་ཕ་ལམ།ཙན་དན་བཅོ་བརྒྱད། ཨ་གར་སོ་ལྔའང་འཕྲོད། ཕོ་བ་ན་ཤས་ཆེ་བ་ལ་སྟར་བུ་བཅོ་བརྒྱད། བདེ་བྱེད་སྙོམས་ལྡན། ཡུ་དྲིལ་བཅོ་བརྒྱད། རྒྱུ་ཞབས་དང་རོ་སྟོད་སྦྲེལ་ནས་ན་བ་ལ་རྒྱ་རུ་བཅུ་བཞི། མཁལ་རྐེད་ཤས་ཆེར་ན་བ་ལ་གཉེན་པོ་བཅོ་བརྒྱད། སེ་འབྲུ་ཀུན་ཕན།མངལ་སྐྲན་བྱིས་པ་ལྟར་ཆགས་པ་ལ་ཚ་སྲེག་སྦྱོར་བ་དང་མངལ་བཤལ་བཏང༌། སྨད་དུ་བབས་ཆེ་དུས་བྱིན་གཞུག་དང་ལོང་རྩ་གདོང་རྩ་རྣམས་གང་ཐེབས་གཏར། ཁྲག་ཚབས་སྤྱི་ལ་དཀར་པོ་དྲུག་སྦྱོར་སྟེང༌། བ་སྤྲུ། སྟར་བུ། སྦྲུལ་ཤ རྒྱ་ཚ། སྡིག་སྲིན། འོལ་མོ་སེ་བསྣན་པའང་ཟབ།
      རླུང་ཚབས་སྙིང་སྲོག་ཡན་ལག་རུས་པ་སོགས་གཟེར་ངེས་མེད་དུ་འཕོ་སྐབས། ཨ་གར་སོ་ལྔ་དང་བཅོ་ལྔ། འོལ་སེ་ཉེར་ལྔ། རྒྱ་རུ་བཅུ་བཞིའི་སྟེང་ཨར་བརྒྱད་རིགས་གང་རུང་བསྡེབས་པ། འབྲོང་རྩེའི་ཨར་བརྒྱད། རུ་རྟ་ཉེར་གཅིག་སོགས་བཏང༌། རླུང་གསང་རིགས་ལ་མེས་བསྡམས། མོ་ནད་སྤྱི་སྨན། ཤིང་ཚ། གཟེ་མ། བ་སྤྲུ་རྣམས་ཆ་གཅིགཔི་ལིང༌། མཛེ་ཚ། ཚ་ལ་གསུམ་ཐུན་ཕྱེད་རེ། ཀུན་གྱི་བཞི་འགྱུར་ཕངས་མའི་འབྲུ་སྦྱར་ལ། རབ་སྐྱེས་པའི་བྱང་སེམས། ཡང་ན་སྐྱེསདར་མའི་དྲི་རྔུལ་གྱིས་རིལ་བུ་དྲིལ་ལ་བཏང་བ་ཟབ་མོ་མོ་བཙུན་ཉེར་འཚོ་ཞེས་བྱའོ།།
     བཙས་རྗེས་ཚད་པ་སྐྱེས་པའི་བད་ཚད་ལ་སྔ་དྲོ་ཞི་དྲུག ཉིན་གུང་གཙོ་བརྒྱད། དགོང་མོ་ཨ་གར་རིགས་བཏང༌། ཡང་ན། ཙནྡན་དཀར་པོ་ཧོང་ལེན་བ་ཤ་ཀ། པདྨ་གེ་སར་ནཱ་ག་པུཥྤ་དང༌།། བཅའ་སྒ་སྤང་སྤོས་དུག་ཉུང་གསེར་མེ་ཏོག། བིལྦ་པ་ཏོལ་ཛཱ་ཏི་འབྲས་བུ་གསུམ།། སུག་སྨེལ་ཀ་རས་བུད་མེད་རིམས་བཏབ་དང༌།། བཙས་རྗེས་ཚད་པ་སྐྱེས་པ་སེལ་བར་བྱེད།། ཅེས་པ་འདི་ཟབ།
     བུ་དང་ཤ་མ་མ་ཐོན་ན། མིང་ཅན། ལྕུམ་རྩ། རྒྱ་རུ་གསུམ་སྦྱོར་བཏང་བས་ཆོག་པར་བཤད། རྒྱས་པ་མན་རྒྱུད་ལྷན་ཐབས་སོགས་སུ་བལྟ། ནུ་སྐྲངས་རྣག་ཏུ་སྨིན་རྒྱུ་མེད་པ་ལ། དང་པོ་ར་ཐུག་རིལ་མ་དྲི་ཆུས་འདུར་བ་བྱུག དེ་རྗེས་ཤུ་དག་འོམ་བུའི་ཁུ་བས་བྱུག དེ་རྗེས་སྲུབ་ཀ སྒ་ཏིག ལྕགས་ཀྱུ་བ། ཀྱི་ལྕེ།ཧོང་ལེན། སྟག་ཤ་བ། ཨུག་ཆོས། གླ་རྩི་དྲི་ཐོན་བཅས་དྲི་ཆུ་ལ་སྦྱར་ནས་བྱུག བྱུག་པ་རིམ་གསུམ་བར་མཚམས་ཅུང་ཟད་རེ་ཕྱེ་དགོས།ཡང་མོ་ནད་སྟོང་ཕྲག་འཇོམས་པའི་སྤྱི་འཇོམས་ཆེན་མོ་ནི། རུ་རྟ་ཆུ་དག་གླ་བའི་རྩི།། ཡ་བཀྵ་ར་འོལ་མོ་སེ།། སྨན་ཆེན་གསེར་མདོག་བུལ་ཏོག་དང༌།། ཟེ་ཚ་མགྲོན་ཐལ་སྟར་བུ་སྦྱར།། ནང་ནུབ་ཆུ་བསྐོལ་ཕུལ་བས་ཟབ།།


རིགས་མཐུན་ནང་དོན།
  • ༄༅།། བྱིས་པའི་ནད་གསོ་བའི་སྐོར།
  • ༄༅།། ལྷན་སྐྱེས་རྨ་གསོ་བའི་སྐོར།
  • ༄༅།། ཐོར་བུའི་ནད་གསོ་བའི་སྐོར།
  • ༄༅།། སྣོད་ཀྱི་ནད་གསོ་བའི་སྐོར།
  • ༄༅།། དོན་ལྔའི་ནད་གསོ་བའི་སྐོར།

  •  

    ༄༅།། པར་དབང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་དབང་བས་ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་བཀོལ་སྤྱོད་བྱས་མི་ཆོག
    E-Mail:hpilip@163.com Tel:0971-8201019